༢༠༡༨ལོའི་རྐང་ཨ་སངས་ཀྱི་སྙན་ངག་གྱེར་འདོན་གསར་བ། 2018年刚阿桑最新朗诵作品

༢༠༡༨ལོའི་རྐང་ཨ་སངས་ཀྱི་སྙན་ངག་གྱེར་འདོན་གསར་བ། 2018年刚阿桑最新朗诵作品


༢༠༡༨ལོའི་རྐང་ཨ་སངས་ཀྱི་སྙན་ངག་གྱེར་འདོན་གསར་བ།

2018年刚阿桑最新朗诵作品


རྨི་ལམ་གྱི་ལྷ་མོ།

梦中的女神


སྙན་ཚིག    སྐྱམ་མི་ཕམ།

诗歌       間麼鹏


གྱེར་འདོན་པ།     རྐང་ཨ་སངས།

朗诵者:刚阿桑

རྨི་ལམ་གྱི་ལྷ་མོ།ི

                              སྐྱམ་མི་ཕམ།

༡. དགུན་ཁ་དེར།

སྣང་བརྙན་གྱིས་བརྫུས་པའི་བྱ་ཁྱུ་དག།

ཨ་སྔོན་གྱི་དབྱིངས་སུ་བསྐྱོད་དེ།

ལྡིང་སྐོར་རྒྱགས་ཞོར་སྐད་སྙན་སྒྲོགས།

དེ་དུས།

ངའི་སྣང་ཞིང་གི་ཟོར་ཁ་རུ།

ཉི་དུག་གིས་སྦྲུམ་པའི་བརྩེ་བ་ཅིག་བཞད་དེ།

ཚོར་མ་ཐུབ་པའི་ཚོར་བ་ཅིག་འབྱུང་སྟེ།

ལས་དབང་ལ་ཕྱིར་དྲན་གྱི་གཤོག་ཟུང་སྤྲད།

ན་ཟུག་དང་ཞེན་ཆགས་རུམ་པའི་སེམས་ཀྱི་དགུན་ཟླ་དེར། 

གྲུབ་མའི་མ་གས་པའི་ལུས་ཀྱི་ཆ་བྱེད།

བློ་རུ་བསྒྲིམ་སྟེ་མཁའ་དབྱིངས་སུ་བསྟུམ།

དེ་དུས།

ངའི་སེམས་ཚོར་དེ་འཕྲད་སྣང་ཅིག་དང་།

ངའི་མཆུ་མ་དེ་གྱེས་གཏམ་ཞིག་གི་རྐྱེན་དུ་བྱས་ཆོག།


༢. ངའི་རྨི་ལམ་ནས་གྱེས་པའི་སེམས་ཀྱི་ལྷ་མོ།

འབྲིའི་བཞོ་གླུ་དང་སྡེབས་པའི་སེམས་ཀྱི་བུ་མོ།

ཆོས་སྐུ་སྟོང་འདུས་ལ་ཐོད་པ་གཏུགས་ཏེ།།

མ་ཎི་སྟོང་ཕྲག་གི་བདེན་ལམ་བཙའ་བཞིན།

རི་སྡེ་གང་ཞིག་དང་།  གནས་ཚང་གང་ཞིག་ན།

འཁོར་བའི་བདེན་ཁར་བསྙེགས་ཀྱིན་ཡོད།

རྨི་ལམ་གྱི་བུ་མོ།  ལས་སྣང་གི་དགའ་མ།

དངུལ་དཀར་གྱི་རྒྱན་ཆ་སྐེ་རུ་བཏགས་ནས།

དྲན་པའི་རྟ་མཆོག་ལ་སྒ་ཆ་བསྟད་དེ།

མཚན་ནུབ་གྱི་ཟླ་ཆང་འཐུང་བཞིན།

དྲན་པ་གང་ཞིག་གི་བློ་ངོགས་ན།

ལུ་གུ་བཟུང་དེ།

སྐྱོ་སྣང་གི་མགོ་བོ་གང་ལ་དགྱེས་ཏེ།

ཆད་སྣང་གི་རྔུན་བ་གང་དུ་འཕེན་བཞིན་ཡོད།


༣. རི་ཁའི་ཉི་ཟེར་གྱི་འཁྱུག་རྩལ་ལ་འགྲོས་ཏེ།

རི་ལུང་གི་ལྟེ་བར་བཞིན་རས་ཕབས་ནས།

བྱ་ཚོགས་གི་གསེང་དུ་དྲན་པ་བཞག་སྟེ།

ངའི་ཚ་དུང་དུང་གི་བྲང་ཁར་བསྐྱོད་དམ།


རྨི་ལམ་གྱི་ལྷ་མོ།

མཚན་མོ་དེར།

ཁྱོད་ངའི་རྨི་ལམ་དུ་བྱོན་ཏེ།

དྲན་པ་ཁྱེར་སོང་།

ཁྱོད་ངའི་རྨི་ལམ་དུ་བྱོན་ཏེ།

འཛུམ་མདངས་ཁྱེར་སོང་།

ཁྱོད་ངའི་རྨི་ལམ་ལས་བོར་རྗེས།

ངའི་སེམས་པའི་རོ་ལངས་རྒྱག་མྱོང་།

ཁྱོད་ངའི་རྨི་ལམ་ལས་བོར་རྗེས།

ངའི་རྣམ་ཤེས་ཀྱི་ཟུང་རྒྱུན་ཆད་སོང་།


༤. པག་རྩག་གྱོན་ཏེ་ལུ་གུ་བཟུང་བའི་དུས་ཀྱི་དགུན་ཁ་དེར།

ཁྱོད་འདི་ལྟར་ཡོང་དེ་ག་ལྟར་བཞུད་དགོས་དོན་ཅི།

ངའི་རྨི་ལམ་ལ་ཚོར་བ་མེད་སོང་བ་ཡིན་ནམ།

ངའི་རྨི་ལམ་ལས་དྲོད་འཇམ་མ་རྙེད་པ་ཡིན།

གུམ་མེད་མེ་ཏོག་གི་འཛུམ་བརྒྱའི་ཀློང་ནས།

ཆགས་མེད་སྐྱེ་བོ་ལ་ན་ཟུག་བཞག་ནས་འགྲོ་དགོས་དོན་ཅི།


༥. ཁྱོད་སོང་ཤུལ།

བྱུ་ཁྱུ་འཕུར་ཤུལ།

ལུག་ཁྱུ་ཞོགས་ཤུལ།

རྣམ་ཤེས་ཀྱི་ཡན་སྣང་འཐོར་སོང་།

དྲག་ཞེན་གྱིས་ལྡང་བའི་སྙིང་ཁམས་སུ།

སྐྱོ་གདུང་གི་དུད་སྤྲིན་ཡན་ཡན་འཐིབ།


༦. ཆོས་ཉིད་དང་ལས་དབང་གི་བཞེངས་བས།

བརྩེ་དུང་གི་འཇིག་རྟེན་དམར་པོ་ནས།

སྨྲེ་ངག་དང་བྲལ་ཚོར་གྱི་སྤྱན་ཆུ།

སྙིང་ཁམས་ནས་འབབ་ཞོར།

ཆོས་ཉིད་འདུ་ཁང་གི་སྒོ་ཁར་འཕར་དུས།

མི་ཚེ་ནི་ཆུ་ཚོད་ལས་སད་པའི་མགྲོན་པོ་དང་།

ལས་དབང་ནི་སྐབས་ཐོག་གི་ལམ་བུ་ཆུང་ངུ་ཞིག།


༧. ནམ་དང་སྐབས་མཚམས་སུ།

འཁྲེང་ཞེན་གྱི་འགྱུར་ཁུགས་བར།

དད་པ་དང་ཨ་ལུང་གི་སྒོ་ཐག་འབྱེད་རུང་།

བརྩེ་དུང་དང་གཏམ་རྒྱུད་མེད་པས་འཇིག་རྟེན་ནི།

སྣང་བརྙན་ལས་འཁྲབ་པའི་ལུས་ཀྱི་འཇོ་སྒེག་ཅིག།


༨. ཕར་ལ་གྱེས་ཤུལ།

ཡིད་ཐག་ཆད་ཤུལ།

སྙིང་རུས་ཀྱི་བར་སྟོང་ན།

དུད་སྤྲིན་འཁྱུག་ལེ།

སྐར་ཆེན་གྱི་ཞལ་ལ་འཛུམ་ཞོར།

ཕུ་ཐུང་གི་མཆན་ཁ་བཤེགས་ཏེ།

འཁང་ར་དང་སྟོང་བསམ་གྱི་ཡིག་ཆུང་བྲིས།

འོ་དྲེག་ཆགས་པའི་ལུས་ཀྱི་འཇམ་ཤ།

ཚ་དུང་དུང་གི་བྲང་གཞོང་ནས་འཁོར་ཏེ།

སྨྲ་འཇམ་འཇམ་གྱི་སྙན་ཚིག་སེམས་ཀྱི་གླེང་ན།

ཧམ་སེམས་དང་འདོད་བློའི་ཁེངས་བས།

དམར་འཛུམ་དུང་གི་བློ་ཁོག་ཏུ།

ཚ་དུག་དང་ཉི་འོད་ཀྱིས་སྦྲུམ་པའི་དྲན་ཚོར་ལས།

གཅེས་འཛིན་གྱི་བསམ་བློའི་གླེང་གཞི་དམན།


༩. རྨི་ལམ་གྱི་ལྷ་མོ།

ལུག་ཁྱུ་རི་ལ་དེད་ནས།

བརྩེ་བའི་མེ་ཏོག་འཐུ་བཞིན།

རི་གླུ་གང་སར་དཀྲོལ་ངེས།

གངས་དཀར་འདྲ་བའི་སེམས་པའི་ནན་གྱིས་ཉན་ཏེ།

བརྗིད་ཆགས་ལྟ་བའི་བློ་ངོར་རྣ་བའི་འཇགས་ངེས།

དགུན་ཟླ་འདིར།

མྱི་ཁའི་ཙག་རླུང་ཅི་ལྟར་བསྐྱོད་ཡང་།

རྨི་ལམ་གྱི་ལྷ་མོར་འཕྲིན་ཆུང་འབྲི་འདོད།

སྡེ་ཆེན་པའི་སེམས་ནས་ཅི་ལྟར་ངན་ཡང་།

རང་སེམས་ཀྱི་དྲན་པ་ཁྱོད་ལ་སྟེར་ངེས།


༡༠. རྨི་ལམ་གྱི་ལྷ་མོ།

དེ་རིང་གི་འཕྲིན་ཆུང་འདི་ཁྱོད་ལ་བསྐྲུན་པའི་ལྷ་དར་ཅིག།

དེ་རིང་གི་སེམས་ཚོར་འདི་ཁྱོད་སར་རྒྱུ་སྤྲིན་པ་ཅིག།

རྨི་ལམ་གྱི་ལྷ་མོ།

བཞུད་ཟིན་པའི་ཁྱོད་ལ་བརྩེ་བ་བཅངས་ཡོད།

སྐྱུར་ཟིན་པའི་ང་སར་དྲན་པ་གཏོར་རམ།


A尼玛尖参音乐平台

A尼玛尖参音乐平台

ཉི་མ་རྒྱལ་མཚན་གྱི་གླུ་གཞས་འཕྲིན་སྟེགས་སུ་ཕེབས་བསུ་ཡོད།

发表评论